Monday, April 29 2024

དགེ་བསྐུལ་གསལ་བསྒྲགས།

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢ ཉིན་བཏང་གནས་ནང་འཁོད་དོན།  ས་ག་ཟླ་བ་སྟེ་བོད་ཟླ་ ༤ ཚེས་ ༡༥ ཉིན་ནི། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་མཉམ་མེད་ཤཀྱཱའི་རྒྱལ་པོ་མངོན་པར་རྫོགས་པར་སངས་རྒྱས་པ་སོགས་ཀྱི་དུས་ཆེན་གསུམ་འཛོམས་དང་། དགེ་བའི་འགྱུར་ཁྱད་འབུམ་ཡོད་པར་གསུངས་པའི་རྩ་ཆེའི་དུས་ཚེས་ཁྱད་པར་ཅན་དེ་ཡིན་ཞིང་། དེ་ཉིན་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་ནས་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩་༠༠ པའི་ཐོག་དྲྭ་བརྙན་བརྒྱུད་སེམས་བསྐྱེད་ཆོ་ག་མཛད་རྒྱུའི་གསལ་བསྒྲགས་གནང་འདུག་པར་དོན་གཉེར་ཅན་ཚང་མས་གོ་སྐབས་དམ་འཛིན་གནང་འོས་དང་། དུས་བཟང་དེ་ཉིན་རྣམ་དཀར་དགེ་བའི་བྱ་བ་ལ་ལྷག་པར་འབད་འབུངས་ཀྱིས་སྤྱི་སྒེར་གྱི་བསོད་ནམས་གང་ནུས་གསོག་སྤེལ་གནང་གལ་ཡང་ཤིན་ཏུ་ཆེ། ལྷག་པར་ད་ལོ་འཛམ་གླིང་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཞེས་པའི་ནད་ཡམས་ལ་བརྟེན་ནས་དཀའ་སྡུག་ཆེན་པོ་མྱོང་བཞིན་ཡོད་པས། ནད་ཡམས་དེ་གང་མགྱོགས་ཞི་དྭངས་ཡོང་བ་དང་། རྐྱེན་འདས་སོང་བ་རྣམས་དང་ད་ལྟ་ནད་ཀྱིས་མནར་བཞིན་པ་རྣམས་ཀྱི་ཆེད་བསྔོ་སྨོན་རྒྱ་གང་ཆེ་ངེས་པར་གནང་གལ་ཆེ་བ་བཅས་ཀྱི་དགེ་བསྐུལ་གསལ་བསྒྲགས་སུ།།

Check Also

Sikyong Penpa Tsering Addresses Members of Tibetan Community in Toronto

As part of his official engagements in Toronto, Sikyong Penpa Tsering of the Central Tibetan …