Sunday, December 22 2024

༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༢༥ འཁོར་བའི་དུས་ཚིགས་ཐོག་བཀའ་ཤག་གི་གསུང་བཤད།

༄༅། །ཉེ་ཆར་ཟླ་ ༤ ཚེས་ ༢༥ ཉིན་བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད་ཀྱི་རྣམ་སྤྲུལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན། རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་ཡབ་དཀོན་མཆོག་ཕུན་ཚོགས་དང་ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས་ནས་དགུང་ལོ་ ༣༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་སྟབས། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ཁོང་ད་ལྟའི་ཆར་སྐུ་ཁམས་གསལ་ཐང་ཡིན་པའི་རེ་སྨོན་ཞུ་རྒྱུ་ཡིན།
དེ་ཡང་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་དྲུག་ལ་ཕེབས་སྐབས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་ནས་ཉིན་གསུམ་གྱི་རྗེས་ལ་ཁོང་དང་ཁོང་གི་ནང་མི་ལྷན་རྒྱས་དང་བྱ་བྲལ་རིན་པོ་ཆེ་བཅས་རྒྱ་གཞུང་གིས་བཙན་འཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་ནས་དེ་རིང་ལོ་ངོ་ ༢༥ འཁོར་གྱི་ཡོད་ཅིང་། འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་ནང་པ་དང་ཁྱད་པར་བོད་མི་ས་ཡ་དྲུག་གིས་ཁོང་གི་ཞལ་མཇལ་དང་གསུང་ཐོས་རྒྱུའི་གོ་སྐབས་ནམ་ཡོང་སྐོམ་པ་ཆུ་འདོད་ལྟར་རེ་སྒུག་བྱེད་བཞིན་ཡོད།
ཚང་མས་མཁྱེན་གསལ་ཡིན་ཡང་གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་ལྟར། འདིར་ནན་བརྗོད་ཞུ་རྒྱུར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་སྟངས་ནི། བོད་ཀྱི་སྲོལ་རྒྱུན་གྱི་བླ་སྤྲུལ་ངོས་འཛིན་གནང་སྲོལ་བཞིན་གནང་ཡོད་པ་མ་ཟད། ༸རྒྱལ་བ་པཎ་ཆེན་རྣམ་གཉིས་དབར་ཡང་སྲིད་རྩད་གཅོད་གནང་རེས་སོགས་བླ་སློབ་ཀྱི་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་གཞིར་བཞག་ངོས་འཛིན་གནང་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ཆབ་སྲིད་དགོས་མཁོ་དང་བསྟུན་ནས་འཁྱོག་བཤད་བྱེད་པ་རྒྱུན་གཏན་ཞིག་ཡིན་སྟབས་ཧང་སང་རྒྱུ་མེད་ལ། འཛམ་གླིང་མི་མང་ངོས་ནས་ཀྱང་ཡིད་ཆེས་གནང་གི་མེད་པའི་གདེང་སྤོབས་དང་ཡིད་ཆེས་ཡོད།
ལར་ནས་རྒྱ་ནག་གཞུང་ནི། ནམ་རྒྱུན་ཆོས་ལ་དུག་ཏུ་ལྟ་མཁན་ཞིག་ཡིན་སྟབས། ཡང་སྲིད་རྩད་གཅོད་ཐད་ལ་ཐེ་བྱུས་བྱེད་པ་ནི་ཞྭ་དཔེ་ལྷམ་འགེབས་བཞིན་ཤིན་ཏུ་མི་འོས་པ་ཞིག་ཡིན་རུང་། རྒྱ་ནག་གཞུང་གིས་ཆབ་སྲིད་དགོས་མཁོ་ཁོ་ནར་དམིགས་ནས་ཆོས་ལ་དུག་ཏུ་ལྟ་བའི་རྩ་བའི་ཁས་ལེན་བརྗེད་ནས་རྒྱལ་མཚན་ནོར་བུ་ཞུ་བ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་བསྐོས་ཏེ། མི་མང་ལ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་བརྩི་དགོས་པའི་བཙན་བཀའ་གཏོང་གི་ཡོད་སྟབས། བོད་མི་ཚོས་ཕྱི་ལ་རྣམ་འགྱུར་དེ་ལྟར་མ་སྟོན་ཀ་མེད་ཆགས་ཀྱང་སེམས་གཏིང་ནས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཁོ་ནར་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་བརྩི་བཞིན་ཡོད།
༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པ་ནི། བོད་མིའི་ཆོས་དད་རང་དབང་གི་ཐོབ་ཐང་འཕྲོག་པ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་ཆུང་སྲིད་རིན་པོ་ཆེ་མཆོག་ལ་རང་ཉིད་ཀྱི་གདན་སར་ཆོས་ཕྱོགས་ཀྱི་གསན་བསམ་སློབ་གཉེར་ཁག་རང་དབང་སྒོ་ནས་གནང་རྒྱུའི་ཐོབ་ཐང་མ་ཕུལ་བ་ནི། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་འཕྲོག་པ་ཡིན་སྟབས་བློ་ཕམ་ཚད་མེད་ཡོད།
ང་ཚོའི་བདེན་པའི་རྒྱབ་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་ཚོགས་ཆུང་དང་། བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པའི་ཞིབ་བཤེར་ཚོགས་ཆུང་སོགས་དང་། དེ་བཞིན་ཨ་རི་དང་། ཡུ་རོབ་གྲོས་ཚོགས། ཨིན་ཡུལ། ཁེ་ན་ཌ་སོགས་རྒྱལ་ཁབ་མང་པོའི་གྲོས་ཚོགས་དང་། སྲིད་གཞུང་། རྒྱལ་སྤྱིའི་ཚོགས་པ་ཁག བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་ལོ་མང་རིང་པཎ་ཆེན་རིན་པོ་ཆེ་མཆོག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་ཐུགས་ཁུར་ཆེན་པོས་བསྒྲགས་གཏམ་དང་། གྲོས་ཆོད། སྙན་ཐོ་བཅས་བཏོན་ནས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད།
ལྷག་པར་དུ་བྱིས་པའི་ཐོབ་ཐང་ཚོགས་ཆུང་སོགས་ཀྱིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནས་ཚུལ་དེ་ཉིད་ཕྱི་གསལ་ནང་གསལ་ཡོང་ཐབས་སུ་རང་དབང་ཅན་གྱི་ཚོགས་པ་ཞིག་ལ་པཎ་ཆེན་རིན་པོ་ཆེ་མཆོག་མཇལ་རྒྱུའི་གོ་སྐབས་དགོས་ཚུལ་གསུངས་ཀྱང་འཛམ་གླིང་མི་མང་གི་ཞལ་འགོག་ཐབས་སུ་ཁོང་སྐུ་གཟུགས་བདེ་ཐང་ཡིན་ཞེས་ལན་འདེབས་གཅིག་ཁོ་ན་ལས་རྒྱག་རྒྱུ་མེད། དེ་བཞིན་སྔ་ལོ་ཟླ་ ༩ ནང་ཇི་ནི་ཝར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པའི་ཞིབ་བཤེར་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༡༡༩ པའི་ཐོག་རྒྱ་ནག་གཞུང་ལ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་ནང་མི་ལྷན་རྒྱས་གང་དུ་ཡོད་མེད་འདྲི་རྩད་གནང་བར་ལན་འདེབས་གསལ་པོ་བརྒྱབ་ཐུབ་མེད།
གལ་ཏེ་རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་མེད་པ་དང་། རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་ནང་སྨྲ་བརྗོད་དང་ཆོས་དད་རང་དབང་ཡོད་ཚུལ་ཡང་ཡང་བརྗོད་པ་བདེན་པ་ཡིན་ཚེ། ཁོང་དང་ནང་མི་ལྷན་རྒྱས། བྱ་བྲལ་རིན་པོ་ཆེ་བཅས་ཀྱི་གནས་སྟངས་ཇི་ཡིན་སྐུ་པར་དང་། བརྙན་ཐུང་སོགས་ཀྱི་སྒོ་ནས་བདེན་པ་ར་སྤྲོད་གནང་དགོས།
དེ་བཞིན་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་མཛད་རྗེས་ལ་དྲན་གསོ་ཞུ་རྒྱུ་གལ་ཆེན་པོ་ཡིན་སྟབས། དེ་རིང་འདིར་ཁོང་གི་རླབས་ཆེན་མཛད་རྗེས་སྙིང་བསྡུས་ཤིག་ཞུས་ན། ཁོང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཟེར་བའི་གཙོ་འཛིན་ལས་ཚབ་ཀྱི་ཐུགས་འགན་བཞེས་ནས་ལོ་གསུམ་ཕྱག་ལས་གནང་རིང་བོད་ནང་དེ་སྔ་བྱུང་མྱོང་མེད་པའི་མུ་གེ་དང་ལྟོགས་ཤི་ཐེབས་ཡོད་པ་དང་། བོད་ཀྱི་དགོན་སྡེ་ཁག་གི་སྲོལ་རྒྱུན་གྱི་སློབ་གཉེར་ལམ་ལུགས་རྩ་མེད་འགྲོ་རྒྱུའི་ཉེན་ཁ་ཡོད་པ་སོགས་རྒྱ་དམར་གཞུང་གིས་བོད་ནང་ལག་བསྟར་བྱས་པའི་སྲིད་བྱུས་ཀྱི་ཉེས་སྐྱོན་ཡོ་བསྲང་ཚུལ་དུ་བཀོད་པའི་བོད་ཡིག་སྙན་ཞུ་དང་། རྒྱ་ཡིག་ཏུ་བསྒྱུར་པའི་ངོ་བཤུས་བཅས་ཕྱི་ལོ་ ༡༩༦༢ ཟླ་ ༥ ཚེས་ ༡༨ ཉིན་པེ་ཅིང་དུ་སྲིད་བློན་ཀྲོའུ་ཨེན་ལེ་ལ་གནང་ཡོད་པ་རེད། སྙན་ཞུ་དེ་ལ་ཡོངས་གྲགས་སུ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞུ་ཡི་ཡོད།
ཐོག་མའི་ཆར་མའོ་ཙེ་ཏུང་གཙོས་པའི་རྒྱ་ནག་གི་དཔོན་རིགས་ཚོས་བོད་ལ་བསྒྱུར་བཅོས་གཏོང་རྒྱུ་གསུངས་པ་བཞིན་རེ་བ་ཆེན་པོ་བྱུང་ཡང་རྗེས་སུ་མའོ་ཙེ་ཏུང་གིས་ཀྱང་སྐྱོན་བརྗོད་བྱས་ཡོད། ཕྱི་ལོ་ ༡༩༦༢ ལོ་མཇུག་ནས་བཟུང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཚོགས་འདུ་གལ་ཆེའི་རིགས་ལ་ཕེབས་རྒྱུར་བཀག་འགོག་དང་། བོད་དང་རྒྱ་ནག་ཏུ་ཧུར་བརྩོན་ཅན་ཚོའི་བསམ་ཡུལ་ལས་འདས་པའི་འཐབ་རྩོད་དྲག་པོའི་བྱ་སྤྱོད་ལ་བརྟེན་ནས་ཁོང་གིས་དཀའ་སྡུག་ཚད་མེད་མྱངས་ཡོད་པ་དང་། དེ་བཞིན་ཐོག་མའི་ཆར་པེ་ཅིང་གི་གཟིམ་ཤག་ཏུ་བཟང་བཙོན་ལྟ་བུ་བཞུགས་དགོས་བྱུང་བ་མ་ཟད། ཕྱི་ལོ་ ༡༩༦༨ ཟླ་ ༢ ནས་ ༡༩༧༧ ཟླ་ ༡༠ བར་ལོ་དགུ་དང་ཟླ་བ་བརྒྱད་རིང་བཙོན་ཁང་ནང་དཀའ་སྡུག་གི་མུན་ནག་འགྲིམས་དགོས་བྱུང་ཡོད།
འོན་ཀྱང་བཙོན་ཁང་ནས་གློད་བཀྲོལ་ཐོབ་པའི་རྗེས་སུ། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད། ཅེས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་ནང་འཁོད་པ་བཞིན། ཁོང་གིས་ལྷག་བསམ་སྙིང་སྟོབས་སྔར་བཞིན་འགྱུར་མེད་ཐོག་ཐུགས་ཀྱི་དམ་བཅའ་བརྟན་པོས་མཛད་འཕྲིན་བསྐྱངས་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། ལྷག་པར་དུ་བོད་ནང་གི་སློབ་གྲྭ་ཁག་གི་སློབ་ཁྲིད་བརྒྱུད་ལམ་བོད་ཡིག་ཐོག་སློབ་རྒྱུར་ཕྱག་ལས་རླབས་ཆེན་གནང་ཡོད།
ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༣ ཉིན་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པ་བར་གྱི་སྐུ་གདུང་ལྷན་དུ་བཞུགས་པའི་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་ཆེན་མོ་བསྐྱར་བཞེངས་ལེགས་པར་གྲུབ་པའི་མཛད་སྒོར་བཅར་མཁན་རྒྱ་ནག་གི་དཔོན་རིགས་སོགས་མཐོ་འབྲིང་མི་སྣ་ལྷན་འཛོམས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག ང་ཚོས་བློས་བཏང་བའི་གྱོང་གུན་གྱི་རིན་ཐང་དང་། གྲུབ་འབྲས་གཉིས་བསྡུར་ནས་བཤད་ཚེ། ངའི་བསམ་ཚོད་བྱས་ན། བློས་བཏང་བའི་གྱོང་གུན་གྱི་རིན་ཐང་མང་བ་ཡོད་པ་རེད། ང་ཚོར་ཐོབ་པའི་གྲུབ་འབྲས་ཀྱི་རིན་ཐང་དེ་གྱོང་གུན་གྱི་རིན་ཐང་ལས་ཆེ་བ་བྱུང་ཡོད་པ་མ་རེད། ཅེས་གསུངས་ཡོད།
དེ་བཞིན་ཟླ་དེའི་ཚེས་ ༢༤ ཉིན་གོང་གི་མཛད་སྒོར་བཅར་མཁན་བོད་ཀྱི་ས་ཁུལ་ཁག་ནས་ཆོས་ཕྱོགས་ཀྱི་མི་སྣ་དང་། དཔོན་རིགས་ལྷན་འཛོམས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་ཏུའང་། རིག་གནས་གསར་བརྗེ་ཆེན་པོ་ཁས་མི་ལེན་པ་མ་ཟད། དེར་དགག་པ་བརྒྱབ་དགོས། ཞེས་གསུངས་ཡོད། དེ་ནས་ཉིན་བཞིའི་རྗེས་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློ་བུར་དུ་དགོངས་པ་རྫོགས་པ་རེད། དེ་ལ་རྒྱ་ནག་གཞུང་གིས་གཞུང་འབྲེལ་སྐུ་ཕུང་ཞིབ་འཇུག་གང་ཡང་མ་གནང་བའི་ཐོག་སྙིང་ཁྲག་རྒྱུ་བ་ཉམས་ནས་གྲོངས་པའི་འགྲེལ་བརྗོད་བྱས་ཀྱང་ང་ཚོའི་ངོས་ནས་རང་བཞིན་གྱིས་སྐུ་གཤེགས་པར་ངོས་འཛིན་ཞུ་ཐབས་བྲལ།
རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀྱང་དགུང་ལོ་ཆེས་ཆུང་ངུ་ནས་བཙན་ཁྲིད་བྱས་ནས་ད་བར་གློད་བཀྲོལ་བཏང་མེད་ཅིང། མིའི་མི་ཚེའི་ནང་ལོ་ ༢༥ ཉུང་ཉུང་ཞིག་རྩ་བ་ནས་མིན། ལྷག་པར་དུ་མི་ཚེའི་འཚར་ལོངས་ཀྱི་བརྒྱུད་རིམ་གལ་ཆེ་ཤོས་དེ་བཙན་དབང་འོག་བཞུགས་དགོས་པ་ནི། གསབ་ཐབས་མེད་པའི་གྱོང་གུན་ཆེན་པོ་ཞིག་ཡིན་ལ། ཡང་སྒོས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནས་སྟངས་དེ་ལྟར་གྱུར་པ་ནི། ཁོང་གཅིག་པུའི་གནས་ཚུལ་མིན་པར་བོད་མི་ས་ཡ་དྲུག་གི་ཆོས་དད་རང་དབང་དང་འབྲེལ་བ་ཡོད།
དེར་བརྟེན་རྒྱ་ནག་གཞུང་གིས་ཁ་ཞེ་གཉིས་མེད་ཀྱིས་མི་རིགས་འཆམ་མཐུན་ངོས་ལེན་གནང་གི་ཡོད་ན། བོད་རིགས་གྲངས་ཉུང་མི་རིགས་ཀྱི་དགོས་འདུན་བསྒྲུབ་རྒྱུ་ཡང་ཟློག་ཏུ་མེད་པའི་ལས་འགན་ཞིག་ཆགས་ཡོད་སྟབས། སྔ་འགྱོད་ཕྱི་སྡོམ་གྱི་ཚུལ་དུ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་དཀའ་སྡུག་མྱོང་བཞིན་པའི་ཁོང་གི་ནང་མི་ལྷན་རྒྱས་དང་། བྱ་བྲལ་རིན་པོ་ཆེ། བོད་ཀྱི་ཆབ་སྲིད་བཙོན་པ་བཅས་རྒྱ་ནག་གཞུང་གི་བཙན་དབང་འོག་ནས་གང་མགྱོགས་གློད་བཀྲོལ་གཏོང་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།
དེ་རིང་གོ་སྐབས་འདི་བརྒྱུད་ནས་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་སྲིད་གཞུང་དང༌། གྲོས་ཚོགས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ། སྒེར་པ་བཅས་ཀྱིས་ད་བར་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཏུ་རྒྱ་ནག་གཞུང་ལ་སྔར་ལྷག་གནོན་ཤུགས་སྤྲད་དེ་སྡུག་བསྔལ་མྱོང་བཞིན་པའི་བོད་མི་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པའི་རོགས་སྐྱོར་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།
དེ་བཞིན་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་བཅས་ཀྱིས་ད་བར་དུ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་ཐབས་སུ་ལས་འགུལ་སྣ་ཚོགས་སྤེལ་ཡོད་པར་དགའ་སྤོབས་དང་བཅས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། རང་དབང་ལུང་པའི་ལས་འགུལ་སྤེལ་བ་དེ་དག་གིས་ཕན་ཐོགས་ཆེན་པོ་བྱུང་ཡོད་སྟབས། ཇི་སྲིད་བདེན་མཐའ་མ་གསལ་བ་དེ་སྲིད་དུ་ལས་འགུལ་རབ་དང་རིམ་པ་སྤེལ་དགོས་པའི་སྐུལ་ལྕག་ཞུ་རྒྱུ་ཡིན།
མཐའ་དོན། ༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཞིས་ཀ་རྩེར་ཡོད་པའི་ཁོང་གི་གདན་ས་བཀྲ་ཤིས་ལྷུན་པོར་གདན་འདྲེན་གང་མྱུར་ཞུ་ཐུབ་པ་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་ཡོང་བར་རླབས་ཆེན་གྱི་ཞབས་འདེགས་བསྒྲུབས་པའི་མཛད་འཕྲོ་མུ་མཐུད་སྐྱོང་གནང་ཐུབ་པ་དང་། ༸རྒྱལ་བ་པཎ་ཆེན་རྣམ་གཉིས་ཞལ་འཛོམས་ཐོག གཞིས་བྱེས་བོད་མི་ཡོངས་ལ་བདེ་སྐྱིད་ཀྱི་ཉི་མ་མྱུར་དུ་འཆར་བའི་སྨོན་ལམ་ཤུགས་དྲག་དང་བཅས། བཀའ་ཤག་གིས། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༧ ལ།། །།

Check Also

Sikyong Penpa Tsering 5th Day Visits in U.S.

Washington DC: On 10 December 2024, Sikyong Penpa Tsering’s fifth day in the United States …